རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར།

ད་ལྟོ་གོ་གནས་འཆང་སྟེ་ཡོད་མི་ རྩོད་དཔོན་ཡོངས་ཁྱབ་བཞི་པ། ༢༠༢༠ 

དྲགོས་ལུང་བསྟན་གྲུབ་འགྱུར་འདི་ པདྨ་དགའ་ཚལ་རྫོང་ཁག་ལས་ཨིན་རུང་ ཁོ་རང་ སྤྱི་ལོ་༡༩༦༩ སྤྱི་ཟླ་༥ པའི་སྤྱི་ཚེས་༢༤ འི་ཚེ་ ས་གནས་ཐིམ་ཕུག་ ལུང་བསྟན་ཕུག་ལུ་སྦེ་ སྐུ་འཁྲུངས་ནུག དྲགོས་ཀྱིས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ དཔལ་འབྱོར་གྱི་ཆོས་ཚན་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ རྒྱ་གར་ མམ་བའི་ལུ་ཡོད་པའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ནང་ལས་ ཁྲིམས་ཀྱི་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ནུག། དེ་གིས་མ་དོ་བར་ དྲགོས་ཀྱིས་ ཡུ་ཀེ་ལུ་ཡོད་པའི་ཨི་ཌིན་བརག་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ནང་ལས་ཡང་ བརྡ་དོན་འཕྲུལ་རིག་དང་ བློ་རིག་རྒྱུ་དངོས་ཀྱི་ཁྲིམས་ དེ་ལས་ གསོ་བའི་ཁྲིམས་གཞིའི་རིག་པ་དང་ མི་དམངས་རྒྱལ་སྤྱིའི་ཁྲིམས་ནང་ལུ་ གཙུག་ལག་གོང་མའི་ཤེས་ཚད་མཐར་འཁྱོལ་ནུག།

སྤྱི་ལོ་༡༩༩༥ ལུ་ དྲགོས་ཀྱིས་ དྲང་ཁྲིམས་ལྷན་སྡེ་ནང་འཛུལ་ཞུགས་འབད་ཡོདཔ་དང་ དེ་བསྒང་ ཁོ་རང་ རྒྱལ་ཡོངས་ཁྲིམས་ནང་ མཐོ་རིམ་རྗེས་མའི་ཤེས་ཡོན་སྦྱང་ནིའི་དོན་ལུ་ ཁྲིམས་ཀྱི་མཁས་རིག་སྡེ་ཚན་དང་པའི་གྲས་ཁར་ཚུད་མི་ མི་ངོ་ཅིག་ཨིན། དྲགོས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཀྱི་གོ་གནས་ལུ་ བསྐོ་བཞག་མ་གནང་བའི་ཧེ་མ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ དྲང་དཔོན་སྦེ་ ཕྱག་ཕྱིད་ཞུ་སྟེ་ ལོ་ངོ་༡༠ འགྱོ་བའི་ཤུལ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༡ (༡༣) པའི་དགོངས་དོན་དང་འཁྲིལ་ཏེ་དགོངས་ཞུ་འབད་ནུག།

གཞུང་གཡོག་ནང་ཕྱག་ཕྱིད་ཞུ་ཡོད་པའི་ཐོཿ

༡༽ སྤྱི་ཚེས་༡/༢/༡༩༩༥ ལས་ སྤྱི་ཚེས་༢༢/༢/༡༩༩༦ ཚུནཿ ཁྲིམས་ཁང་གོང་མའི་ནང་ ཁྲིམས་དོན་འགོ་དཔོན་སློབ་སྦྱོང་པ་སྦེ་བཞུགས་ནུག

༢༽ སྤྱི་ཚེས་༡༥/༣/༡༩༩༦ ལས་ སྤྱི་ལོ་༡༩༩༦ སྤྱི་ཟླ་༥ པ་ཚུནཿ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་འཛིན་འགོ་དཔོན་སྦེ་བཞུགས་ནུག

༣༽ སྤྱི་ལོ་༡༩༩༩ ལས་ སྤྱི་ལོ་༢༠༠༠ ཚུནཿ འོང་འབབ་དང་ཅ་དམ་ལས་ཁུངས་ནང་ དངོས་འབྲེལ་ཁྲལ་འབབ་དང་བརྒྱུད་པའི་ཁྲལ་འབབ་བཅའ་ཡིག་དང་ སྒྲིགས་གཞི་ཟིན་འགོད་ཀྱི་དོན་ལུ་ སྐབས་གཡོག་སྦེ་བསྐོ་བཞག་འབད་ནུག

༤༽ སྤྱི་ལོ་༡༩༩༩ སྤྱི་ཟླ་༦ པ་ ལས་ སྤྱི་ལོ་༢༠༠༠ ཚུནཿ ཁྲིམས་ཁང་གོང་མའི་ རྒྱལ་གཞུང་ཁྲིམས་ཀྱི་འདུན་ས་ལུ་ ཁྲིམས་སྡེ་དང་དྲང་ཁྲིམས་ལས་སྡེའི་ལེགས་བཅོས་ཚུ་ ལྟ་རྟོག་འབད་ནིའི་དོན་ལུ་ ལས་འགུལ་མདོ་ཆེན་སྦེ་བསྐོ་བཞག་གནང་ནུག།

༥༽ སྤྱི་ཚེས་༡༦/༡/༢༠༠༢ ལུཿ ཁྲིམས་ཁང་གོང་མའི་ནང་ ཧེ་མ་ལས་འཆང་སྟེ་ཡོད་པའི་ ལས་འགུལ་མདོ་ཆེན་གྱི་གོ་གནས་ཀྱི་ལྷན་ཐབས་སྦེ་ རབ་འབྱམས་ཀྱི་གོ་གནས་ལུ་བསྐོ་བཞག་གནང་ནུག། 

༦༽  སྤྱི་ཚེས་༩/༨/༢༠༠༢ ལུཿ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སའི་ དྲང་དཔོན་སྦེ་བསྐོ་བཞག་གནང་ཡོདཔ་མ་ཚད་ ལས་འགུལ་མདོ་ཆེན་གྱི་གོ་གནས་ལུ་ འཕྲོ་མཐུད་དེ་རང་བཞུགས་ནུག།

༧༽  སྤྱི་ཚེས་༢༧/༨/༢༠༠༣ ལུཿ ཆུ་ཁ་རྫོང་ཁག་ཁྲིམས་ཀྱི་འདུན་སའི་ དྲང་དཔོན་ལུ་ གོ་གནས་ཡར་སེང་གནང་ཡོད་རུང་ ལས་འགུལ་མདོ་ཆེན་གྱི་གོ་གནས་ལུ་ འཕྲོ་མཐུད་དེ་རང་བཞུགས་ནུག

༨༽  སྤྱི་ཚེས་༢༧/༢/༢༠༠༦ ལུཿ ཆུ་ཁ་ཁྲིམས་ཀྱི་འདུན་ལས་ བསམ་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་སའི་དྲང་དཔོན་སྦེ་ གནས་སོར་བཏང་ཡོད་རུང་ ལས་འགུལ་མདོ་ཆེན་གྱི་གོ་གནས་ལུ་ འཕྲོ་མཐུད་དེ་རང་བཞུགས་ནུག

༩༽ སྤྱི་ཚེས་༨/༣/༢༠༠༦ ལས་ སྤྱི་ཚེས་༡༢/༥/༢༠༡༠ ཚུནཿ བསམ་རྩེ་ཁྲིམས་འདུན་ལས་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་འདུན་སའི་དྲང་དཔོན་སྦེ་ གནས་སོར་བཏང་ཡོད་རུང་ ལས་འགུལ་མདོ་ཆེན་གྱི་གོ་གནས་ལུ་ འཕྲོ་མཐུད་དེ་རང་བཞུགས་ནུག

༡༠༽ སྤྱི་ཚེས་༡༤/༧/༢༠༠༨ ལས་ སྤྱི་ཚེས་༣༡/༡༢/༢༠༠༨ ཚུནཿ  མངའ་བདག་རྒྱལཔོ་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ མ་བརྩམ་པའི་ཧེ་མ་ལས་ བསྣར་འགྱངས་འབད་བཞག་ཡོད་པའི་ མཐོ་གཏུགས་ཅན་གྱི་རྩོད་གཞི་ཐོག་ལུ་ བསྐྱར་ཞིབ་དང་ཞིབ་འཚོལ་ དེ་ལས་ གཏིང་ཟབ་ཆེ་བའི་དཔྱད་ཞིབ་སྙན་ཞུའི་དོན་ལུ་ མངའ་བདག་རྒྱལ་པོའི་ཡིག་ཚང་ལས་གནང་བའི་གནས་སོར་བཀའ་རྒྱ་ལྟར་ དམིགས་བསལ་ཁྲིམས་དོན་ལས་ཚོགས་ནང་ འཐུས་མི་དྲང་དཔོན་བཞིའི་གྲས་ཁར་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ནང་ སྐབས་གཡོག་སྦེ་བསྐོ་བཞག་གནང་ནུག

༡༡༽ དེ་གི་ཤུལ་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ དྲང་དཔོན་སྦེ་ བསྐོ་བཞག་འབད་ཞིནམ་ལས་ མངའ་བདག་རྒྱལ་པོའི་ཡིག་ཚང་གིས་ རྒྱལ་པོའི་གྲོས་འབུལ་གྲོས་ཚོགས་ཀྱི་འཐུས་མི་ལྔའི་གྲས་ཁར་ བསྐོ་བཞག་གནང་ནུག

༡༢༽ སྤྱི་ལོ་༢༠༠༨ ཀྱི་ལོ་ལུ་ འབྲུག་རྒྱལ་ལྔ་པ་གསེར་ཁྲི་མངའ་གསལ་གྱི་སྐབས་ལུ་དང་ སྤྱི་ལོ་༢༠༡༣ ལུ་ མི་དབང་མངའ་ཞབས་མཆོག་ རྒྱལ་བཙུན་ཁབ་ཏུ་བཞེས་པའི་སྐབས་ལུ་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་འཐུས་མི་ཅིག་སྦེ་ ཕྱག་ཕྱིད་གང་དྲག་ཞུ་ནུག

༡༣༽ སྤྱི་ཚེས་༨/༩/༢༠༡༤ ལས་ སྤྱི་ཚེས་༢༠/༩/༢༠༡༤ ཚུནཿ དབང་འདུས་ཕོ་བྲང་ དམག་སྡེའི་སྦྱོང་བརྡར་ལྟེ་བའི་ནང་ལས་ བདེ་སྲུངཔ་ཐེངས་༡༣ པའི་སྦྱོང་བརྡར་ཡང་ མཐར་འཁྱོལ་ཅན་སྦེ་གནང་ནུག

༡༤༽ སྤྱི་ཚེས་༧/༡/༢༠༡༨ ལས་ སྤྱི་ཚེས་༨/༢/༢༠༡༨ ཚུནཿ མི་དབང་མངའ་ཞབས་མཆོག་གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལུ་སྦེ་ བཀོད་ཁྱབ་གོང་མའི་འགོ་ཁྲིད་ལས་རིམ་ཐེངས་༩ པའི་ནང་ བཅའ་མར་གཏོགས་དགོཔ་སྦེ་གདམ་འཐུ་མཛད་གནང་ནུག

འགན་ཁུར་གཙོ་བོ་གཞན་ཡངཿ

  • ༡༽ རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་ འཐུས་མི་༣༩ འི་གྲས་ལས་ འཐུས་མི་ཅིག་སྦེ་ཕྱག་ཞུ་ནུག དེ་མ་ཚད་ འོང་འབབ་དང་ཅ་དམ་འོག་ལུ་ འབྲུག་གི་ཁྲལ་འབབ་བཅའ་ཡིག་ཟིན་བྲིས་དང་སྐད་སྒྱུར་འབད་ནིའི་ལཱ་ནང་ གྲལ་གཏོགས་བཞུགས་ནུག
  • ༢༽ འབྲུག་གི་ཉེས་རྩོད་དང་ཞི་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་༢༠༠༡ ཅན་མ་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མ་ དེ་ལས་ འབྲུག་གི་བཙག་འཐུ་བཅའ་ཁྲིམས་༢༠༠༨ ཅན་མ་ཚུ་ ཟིན་འགོད་བཏབ་ནི་ནང་ གྲལ་གཏོགས་བཞུགས་ནུག
  • ༣༽ འབྲུག་གི་མི་སྡེའི་ལས་ཚོགས་བཅའ་ཁྲིམས་༢༠༠༧ ཅན་མ་དང་ རྐྱེན་ངན་འཛིན་སྐྱོང་བཅའ་ཁྲིམས་༢༠༡༣ ཅན་མ་གཉིས་ བསྐྱར་ཞིབ་འབད་ཡོད་པའི་ཁར་ ཨ་ལོ་གཅེས་སྐྱོང་དང་ཉེན་སྲུང་བཅའ་ཁྲིམས་༢༠༡༡ ཅན་མ་དང་ འབྲུག་གི་བུ་ཚབ་བཅའ་ཁྲིམས་༢༠༡༢ ཅན་མ་ དེ་ལས་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་༢༠༡༣ ཅན་མ་ཚུ་ ཟིན་འགོད་བཏབ་ནི་ནང་ ཚོགས་ཆུང་གཙོ་བོའི་འཐུས་མི་སྦེ་བཞུགས་ནུག
  • ༤༽ འབྲུག་གི་དྲང་ཁྲིམས་ལྷན་སྡེའི་དོན་ལས་ སྔོན་འགྲོའི་ཐབས་བྱུས་ཡིག་ཆ་ ༼༢༠༠༦༽ དང་ བརྡ་དོན་འཕྲུལ་རིག་གི་ཐབས་བྱུས་ཡིག་ཆ་ ཆ་ཚང་ཅིག་ ཟིན་འགོད་བཏབ་གནང་ནུག།
  • ༥༽ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་དོན་ལུ་ ཐབས་བྱུས་ཡིག་ཆ་དང་ ནང་སྒྲིག་སྦྱོང་བརྡར་ལག་དེབ་ ཟིན་འགོད་བཏབ་གནང་ནུག ཤུལ་ལས་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་གིས་ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭའི་དོན་ལུ་ སྦྱོང་ཚན་བཀོད་སྒྲིག་གི་འཐུས་མིའི་གྲས་ཁར་ འཐུས་མི་ཅིག་སྦེ་བསྐོ་བཞག་གནང་ནུག དེ་མ་ཚད་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ ཐང་ཀའི་ཐོག་ལུ་ རི་མོ་སྦེ་བཀོད་མིའི་ཚོགས་ཆུང་གཙོ་བོའི་འཐུས་མི་སྦེ་ཡང་ཕྱག་ཞུ་ནུག
  • ༦༽  ཡུ་ཨེསི་ཨེ་ ཨིསི་ཊེན་ཕོརཌ་ཁྲིམས་ཀྱི་སློབ་གྲྭ་ནང་ལས་ སྡེ་ཚན་ཅིག་ཨིན་མི་ འབྲུག་ཁྲིམས་དོན་དང་སྲིད་བྱུས་ལས་འགུལ་གྱིས་ “འབྲུག་གི་ཁྲིམས་ལུགས་ངོ་སྤྲོད་ གླེགས་བམ་༡ པ་” ཟེར་མི་ཅིག་བྲིས་ཡོད་མི་འདི་ བསྐྱར་ཞིབ་འབད་ནིའི་དོན་ལུ་ རྒྱལ་འཛིན་ཁྲིམས་དོན་ལས་འགུལ་གྱི་འོག་ལུ་ བསྐྱར་ཞིབ་སྡེ་ཚན་གྱི་འཐུས་མི་སྦེ་ཕྱག་ཞུ་ནུག
  • ༧༽ སྤྱི་ལོ་༢༠༠༨ ལས་ ༢༠༡༠ ཚུན་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བའི་ མདོ་ཆེན་བཀོད་ཚོགས་ཀྱི་འཐུས་མི་སྦེ་ཕྱག་ཞུ་བའི་ཁར་ དེ་ནང་གི་ བཅའ་ཡིག་ཟིན་འགོད་བཏབ་གནང་ནུག
  • ༨༽ ཁྲིམས་སྡེའི་ཕྱག་འགན་གྱིས་མ་ཚད་པར་ ལོ་ངོ་དག་པ་ཅིག་གི་རིང་ དྲང་ཁྲིམས་ལྷན་སྡེའི་ལས་འགུལ་མདོ་ཆེན་གྱི་ལྷན་ཐབས་གོ་གནས་ཡང་འཆང་ཡོདཔ་དང་ དྲང་ཁྲིམས་ལྷན་སྡེ་ནང་ ཁྲིམས་སྡེའི་ལེགས་སྒྱུར་དང་ གཞི་རྟེན་གོང་འཕེལ་ མི་སྟོབས་ལྕོགས་གྲུབ་གོང་འཕེལ་  གློག་ཐོག་དྲང་ཁྲིམས་དང་འགག་སྡེའི་ལས་བྱེདཔ་གི་ཁྱད་རིག་གོང་འཕེལ་དང་ སྦྱོང་བརྡར་གྱི་གོ་སྐབས་ རྩོད་གཞི་འཛིན་སྐྱོང་རིམ་ལུགས་དང་ རྩོད་གཞི་བརྡ་དོན་རིམ་ལུགས་བཅས་ ཁྲིམས་ཀྱི་རིམ་ལུགས་ལས་འགུལ་ཚུ་ བསྟར་སྤྱོད་མཛད་གནང་ནུག
  • ༩༽ སྤྱི་ཚེས་༡༢/༤/༢༠༡༤ ལས་ སྤྱི་ཚེས་༡༣/༤/༢༠༡༤ ཚུན་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ཁྲིམས་དོན་ནེ་པཱལ་དང་རྒྱལ་སྤྱི་ཨའི་ཌི་ཨི་ཨེ་གིས་ འགོ་འདྲེན་འཐབ་མི་ “ནེ་པཱལ་ལུ་ རྩ་ཁྲིམས་གཞི་བཙུགས་ཀྱི་དོན་ལུ་ ལྷོ་ཨེ་ཤི་ཡེན་གྱི་ཉམས་མྱོང་བརྗེ་སོར་” ཟེར་བའི་བརྗོད་དོན་ཐོག་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ལས་ རྩ་ཁྲིམས་མཁས་མཆོག་ཅིག་སྦེ་ འབྲུག་གི་ངོ་ཚབ་མཛད་ཡོདཔ་བཞིན་ “རྩ་ཁྲིམས་གཞི་བཙུགསཿ གཞུང་སྐྱོང་དབྱེ་བ” ཟེར་བའི་དོན་ཚན་ལུ་གཞི་བཞག་སྟེ་ ནེ་པཱལ་གྱི་རྩ་ཁྲིམས་ཟིན་བྲིས་འདུས་ཚོགས་ལུ་ ག་བསྡུར་གསལ་ཞུ་དང་ཡིག་ཐོག་བསམ་འཆར་ཚུ་ཕུལ་ནུག
  • ༡༠༽ རྒྱལ་ཡོངས་ཁྲིམས་དོན་བསྐྱར་ཞིབ་ལས་ཚོགས་ནང་ འཐུས་མི་བདུན་གྱི་ཁྲི་འཛིན་འོགམ་སྦེ་ཕྱག་ཞུ་ནུག དེ་ཡང་ ཁྲིམས་གྱི་དགོངས་དོན་རྒྱབ་འགལ་དང་བསྐྱར་དོན་ ཁྲིམས་ཚུ་རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་འབྲེལ་མཐུན་དང་བསྡུ་སྒྲིག་འབད་ནི་ ནུས་མེད་དང་དགོས་མཁོ་མེད་པའི་ཁྲིམས་ཚུ་ངོས་འཛིན་དང་ངེས་གཏན་བཟོ་ནི་ དེ་ལས་ ཁྲིམས་ཀྱི་རིང་ལུགས་སྒྲིང་སྒྲིང་བཟོ་ནིའི་དོན་ལུ་ ཁྲིམས་གསརཔ་ཆ་འཇོག་དང་ བྱ་བའི་གནད་སྤྱོད་ཚུ་འཕྲི་སྣོན་འབད་ནི་ཚུ་ནང་ བསྐྱར་ཞིབ་ཀྱི་ཕྱག་འགན་ཚུ་བསྣམས་ནུག སྤྱི་ལོ་༢༠༡༨ སྤྱི་ཟླ་༡ པའི་ནང་ལུ་ ལས་ཚོགས་འདི་གིས་ གཞུང་ལུ་ ཤོག་གྲངས་༡༥༠ འབད་མི་ རྒྱབ་སྣོན་ཅིག་ཕུལ་ཡོདཔ་དང་ དེ་ཡང་ ད་ལྟོ་ འབྲུག་གི་སྤྱི་ཚོགས་༣ པའི་གཞུང་གིས་ རྩོད་བསྡུར་འབད་བའི་བསྒང་ར་ཡོད།

ཞིབ་འཚོལ་ དཔེ་བསྐྲུན་དང་ ཁྲིམས་དོན་ཁྱབ་སྤེལཿ

  • ༡༽ དྲགོས་ཀྱིས་ ཁྲིམས་སྡེའི་སྡེ་ཚན་ནང་ ཕྱག་ལཱ་གནང་སྟེ་ ལོ་ངོ་༢༥ བཞུགས་པའི་རིང་ ཁྲིམས་དོན་ཞིབ་འཚོལ་དང་རྩོམ་སྒྲིག་ལེ་ཤཱ་ཅིག་མཛད་ཡོད་པའི་ཁར་ ཀི་དེབ་གསུམ་དཔར་བསྐྲུན་འབད་ནུག དེ་ཡང་ ཀ༽ དར་གྱི་མདུད་ཕོད་གདུགས། (Parasol of Silken Knot (2005) ཁ༽ འབྲུག་གི་ཉེས་ལས་དྲང་ཁྲིམསཿ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ལག་དེབ་དང་། (A Handbook on Criminal Procedure (2006) ག༽ རྩིབས་བརྒྱད་འཁོར་ལོཿ འབྲུག་ལུ་ ཆོས་རྒྱལ་འབྱུང་རབས་དང་ རྩ་ཁྲིམས་ཆེན་མོ་ དེ་ལས་ ཁྲིམས་སྡེའི་རང་དབང་གི་མངོན་རྟོགས།  (The Wheel of Laws: An insight into the origin of Buddhist Kingship, Constitution, and Judicial independence in Bhutan (2016)
  • ༢༽ སྤྱི་ལོ་༢༠༡༥ སྤྱི་ཟླ་༡༡ པའི་སྤྱི་ཚེས་༡༡ ལུ་ འབྲུག་རྒྱལ་བཞི་པའི་འཁྲུངས་སྐར་དུས་སྟོན་གྱི་ཉིནམ་བརྩི་སྲུང་དང་འབྲེལ་ རྩོམ་སྒྲིག་དང་དཔེ་བསྐྲུན་ཚོགས་ཆུང་གིས་ དཔར་བསྐྲུན་འབད་ཡོད་པའི་ཀི་དེབ་ “རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ་ རྒྱལ་པོའི་གོང་འཕེལ་ཕུགས་འཆར་ – མི་དབང་འབྲུག་རྒྱལ་བཞི་པ་ལུ་གུས་བཏུད་” (A King’s Vision of Development for His Country and its People- A Tribute to His Majesty the Fourth Druk Gyalpo) ཟེར་མི་འདི་ནང་ “དྲང་ཁྲིམས་དང་ཁྲིམས་དོན་གཙུག་སྡེ་” ཟེར་བའི་དོན་ཚན་ཅིག་རྩོམ་སྒྲིག་མཛད་གནང་ནུག
  • ༣༽ སྤྱི་ལོ་༢༠༡༦ ལུ་ ཀུན་གསལ་རང་སྐྱོང་ལས་འཛིན་གྱིས་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ གསེར་ཁྲི་ཁར་འཕེབས་ཏེ་ མི་ལོ་༡༠ འཁོར་བའི་དུས་སྟོན་བརྩི་སྲུང་གྱི་དོན་ལུ་ དཔར་བསྐྲུན་འབད་ཡོད་པའི་ཀི་དེབ་ “གསེར་ཁྲིར་ལོ་ངོ་བཅུ་ཕྲག་” (A Decade on the Golden Throne) ནང་ལུ་ “མི་དབང་རྒྱལ་པོའི་ཆབ་སྲིད་མངའ་འོག་ལུ་དྲང་ཁྲིམས་” (Judiciary under His Majesty’s 10 years Reign) ཟེར་བའི་ལེའུ་གཅིག་བརྩམས་གནང་ནུག
  • ༤༽ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་འགོ་འདྲེན་འོག་ལུ་ འབྲུག་གི་ཁྲིམས་དང་འབྲེལ་བའི་རྩོམ་བྲིས་དང་ ནང་པའི་ཁྲིམས་གཞིའི་རིག་པ་ དེ་ལས་ རྩ་ཁྲིམས་ཆེན་མོ་ཚུ་ དཔལ་འབྲུག་ཞིབ་འཇུག་ལྟེ་བའི་དུས་དེབ་དང་ འབྲུག་ཁྲིམས་དོན་བསྐྱར་ཞིབ་ཀྱི་གསར་ཤོག་བཟུམ་མའི་ རྒྱལ་ཡོངས་གྲོས་གནས་ཁག་སོ་སོར་ནང་ལས་ཕར་ ཁྱབ་སྤེལ་གནང་ཡོདཔ་མ་ཚད་ ཁྲིམས་དང་འབྲེལ་བའི་ཞིབ་འཚོལ་བཅུད་དོན་ཚུ་ ཀུན་གསལ་གསར་ཤོག་ནང་ཡང་ དཔེ་བསྐྲུན་མཛད་གནང་ནུག
  • ༥༽ ལྷོ་ཨེ་ཤི་ཡེན་གྱི་གསར་ཤོག་ནང་ལུ་ “འབྲུག་གི་རྩ་ཁྲིམས་ཆེན་མོ་གཞི་བཙུགས་ཀྱི་སྤྱིར་བཏང་བསམ་འཆར་” དང་ “འབྲུག་ལུ་ཁྲིམས་ཀྱི་གོ་བ་བརྡ་སྤྲོདཿ ཁྲིམས་དང་དབང་ཆ” ཟེར་བའི་ཐོག་ལུ་ རྩོམ་བྲིས་དཔེ་བསྐྲུན་མཛད་གནང་ནུག
  • ༦༽ གོང་འཁོད་དཔེ་བསྐྲུན་ཚུ་གིས་མ་དོ་བར་ གཞན་ཡང་ རྒྱལ་སྤྱི་དང་རྒྱལ་ཡོངས་གནས་ཚད་ཀྱི་གྲོས་གནས་ནང་ལུ་ རྩ་ཁྲིམས་ཀྱི་ཁྱད་ཆོས་གཙོ་དོན་ འདྲ་མཚུངས་ཀྱི་ཁྲིམས་ ཡོངས་འབྲེལ་སྒྲིགས་གཞི་ ཁྲིམས་སྡེ་དང་ཁྲིམས་བཟོའི་བསྐྱར་ཞིབ་ འགྲོ་བ་མིའི་དབང་ཆ་དང་འདྲ་མཉམ་གནད་དོན་ རྒྱལ་སྤྱི་དྲག་ཐོག་དབང་བཙོང་དང་འབྲེལ་བའི་གནད་དོན་ ཨ་ལོ་དང་ཨམ་སྲུའི་དྲང་ཁྲིམས་ ཁྲིམས་བཟོ་དང་བརྡ་བརྒྱུད་ཀྱི་འགན་འཁྲི་ འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་དང་ ཞི་བའི་མི་སྡེ་ལས་ཚོགས་བཅའ་ཁྲིམས་ཚུ་གི་དོན་ཚན་ཐོག་ལུ་ ཞིབ་འཚོལ་གསལ་ཞུ་མཛད་གནང་ནུག
  • ༧༽ དྲགོས་ཀྱིས་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ དེ་ལས་ འབྲུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ནང་ལུ་ ཡོངས་འབྲེལ་གྱི་སྒྲིགས་གཞི་ ཡོངས་འབྲེལ་དང་འབྲེལ་བའི་ཉེས་ལས་ ཉེས་ཅན་རྩོད་བཤེར་ནང་ སྔོན་རབས་ཀྱི་གཞི་གནས་དང་ནང་པའི་ཤན་ཞུགས་བཅས་ དམངས་གཙོའི་གཞུང་ལས་འགོ་བཙུགས་ཏེ་ ཁྲིམས་ཀྱི་རིང་ལུགས་ཚུན་གྱི་ ཁྲིམས་ཀྱི་གནད་དོན་ཐད་ཁར་ བརྒྱུད་ཐོག་ལེགས་སྦྱར་བ་སྦེ་བཞུགས་ནུག
  • ༨༽ དྲགོས་ཀྱིས་ འདས་པའི་ལོ་ནང་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ རྒྱལ་ཡོངས་ཁྲིམས་ཀྱི་མཐོ་རིམ་རྗེས་མའི་ཤེས་ཡོན་སྦྱང་མི་ཚུ་ལུ་ ལས་སྡེའི་ཁྲིམས་ རྒྱུ་དངོས་ཀྱི་ཁྲིམས་ སྒྲུབ་བྱེད་ཀྱི་ཁྲིམས་ བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་སྐོར་ལས་ སློབ་སྟོན་མཛད་གནང་ནུག
  • ༩༽ དེ་ལས་ སྤྱི་ཚེས་༢༤/༤/༢༠༡༧ ལས་  སྤྱི་ཚེས་༢༨/༤/༢༠༡༧ ཚུན་ འཛིན་སྐྱོང་སློབ་སྦྱོང་སྤེལ་ཁང་ཚད་འཛིན་ནང་སྦེ་ ཁྲིམས་རྩོདཔ་དང་ས་གནས་གཞུང་གི་ལས་བྱེདཔ་ཡོངས་ལུ་ “འབྲུག་གི་གདམ་ཁ་ཅན་གྱི་འཁོན་འདུམ་དང་འཁོན་འགྲིགཿ ནང་འགྲིག་རིག་རྩལ” ཐོག་ལུ་ ནང་འགྲིག་སྦྱོང་བརྡར་ཅིག་ འགོ་འདྲེན་འཐབ་གནང་ནུག
  • ༡༠༽ གཞན་ཡང་ དྲགོས་ཀྱིས་ མི་དམངས་ལུ་ ཁྲིམས་མཐུན་བརྡ་དོན་གོ་བརྡ་སྤེལ་ནི་ནང་ལུ་ ཁྲིམས་སྡེའི་ངོ་ཚབ་འགོ་དཔོན་ཅིག་སྦེ་ཕྱག་ཞུ་ནུག དོ་རུང་ ཁོ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་སྐུ་གཟུགས་རྒྱང་བསྒྲགས་ནང་ལུ་ རྒྱང་བསྒྲགས་ལས་རིམ་འགོ་འདྲེན་འཐབ་གནང་ཡོདཔ་དང་ དེ་ནང་ བྱ་བའི་གནད་སྤྱོད་ ༼ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ༽ བཅས་པའི་ཁྲིམས་ ༼ཁྲིམས་གཞུང་ཆེན་མོ་ ས་ཆའི་བཅའ་ཁྲིམས་ སྐལ་བགོའི་བཅའ་ཁྲིམས་ གཉེན་གྱི་བཅའ་ཁྲིམས་ལ་སོགས་པ༽ རྩ་ཁྲིམས་ཆེན་མོའི་རྩ་ཚན་གྱི་དགོངས་འགྲེལ་ཁ་གསལ་དང་ འབྲུག་ལུ་རྩ་ཁྲིམས་གཞི་བཙུགས་ཀྱི་འབྱུང་རབས་བཅས་ རྩ་ཁྲིམས་ཆེན་མོ་དང་ དམངས་གཙོའི་གཞུང་ དེ་ལས་ ཁྲིམས་ཀྱི་རིང་ལུགས་ཀྱི་ཐོག་ལུ་གསུང་གྲོས་ཚུ་གནང་ནུག དྲགོས་ཀྱིས་ སྤྱི་ལོ་༢༠༡༡ ལས་ ༢༠༡༥ ཚུན་ སྐུ་གཟུགས་རྒྱང་བསྒྲགས་ཀྱི་གྲོས་སྟོན་བཀོད་ཚོགས་སྦེ་ཕྱག་ཕྱིད་ཞུ་ནུག

གཟེངས་བསྟོད་ཀྱི་ཐོཿ

  • ༡༽ མི་དབང་རྒྱལ་པོའི་ཁྲི་མངའ་གསོལ་གྱི་དངུལ་གྱི་རྟགས་མ། ༢༠༠༨
  • ༢༽ ཁྲིམས་སྡེ་ནང་ ཕྱག་ལཱ་གནང་སྟེ་ ལོ་ངོ་༡༠ དང་༢༠ སོང་ཡོད་པའི་ཟངས་ཀྱི་རྟགས་མ་དང་དངུལ་གྱི་རྟགས་མ།
  • ༣༽ རྒྱ་གར་མམ་བའི་གཙུག་ལག་སློབ་གྲྭ་ནང་ལས་ ཁྱད་འཕགས་སློབ་ཕྲུག་བགྲེསཔ་གི་རྟགས་མ། སྤྱི་ལོ་༢༠༡༤ སྤྱི་ཟླ་༣ པའི་སྤྱི་ཚེས་༡ ལུ།

རྩོད་དཔོན་ཡོངས་ཁྱབ་ཀྱི་ཁྱད་ཡོན་ཐོ་ཕབ་ལེན་འབད་ནིའི་དོན་ལུ་ ནཱ་ལུ་ ཨེབས།

Print Friendly, PDF & Email