ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན།

སྡེ་ཚན་འདི་ ཧེ་མ་འབད་བ་ཅིན་ ཞིབ་འཚོལ་དང་དཔེ་མཛོད་སྡེ་ཚན་ཟེར་ཨིན་རུང་ དཔེ་མཛོད་འདི་ བརྡ་དོན་འཕྲུལ་རིག་གིས་ འགབ་ཚུགས་ནི་ཨིནམ་ལས་ ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན་ལུ་ སྒྱུར་བཅོས་འབད་དེ་ཡོད། དེ་ཡང་ འཛམ་གླིང་ནང་ བརྡ་དོན་འཕྲུལ་རིག་འདི་ མེད་ཐབས་མེདཔ་ཅིག་ལུ་ འགྱུར་སོངཔ་ལས་ དཔེ་མཛོད་འདི་ ཁུངས་གཏུགས་དཔེ་དེབ་རིགས་ རྐྱངམ་ཅིག་བཞག་ནི་མེན་པར་ མ་འོངས་བུ་བརྒྱུད་ཀྱི་དོན་ལུ་ བྱུང་རབས་དང་ལྡན་པའི་ཤེས་ཡོན་ཅན་ཅིག་སྦེ་ གནས་ཐབས་ལུ་ཨིན། དེ་འབདཝ་ལས་ ཞིབ་འཚོལ་དང་བརྡ་དོན་འཕྲུལ་རིག་སྡེ་ཚན་འདི་ ཞིབ་འཚོལ་སྡེ་ཕྲན་ བརྡ་དོན་འཕྲུལ་རིག་སྡེ་ཕྲན་ དཔེ་མཛོད་དང་ཡིག་ཐོག་བཀོད་འཛིན་སྡེ་ཕྲན་བཅས་ སྡེ་ཕྲན་ཁག་གསུམ་ལུ་ དབྱེ་སྟེ་ཡོད།

ཞིབ་འཚོལ་སྡེ་ཕྲན་གྱིས་ ཤེས་ཡོན་གསརཔ་ བསྡུ་ལེན་དང་ དེའི་ལག་ལེན་འཐབ་ནི་རྐྱངམ་ཅིག་མེན་པར་ འཕྲལ་གྱི་རྒྱབ་རྟེན་ཤེས་ཡོན་ དུས་མཐུན་དང་ ཡར་དྲགས་གཏང་ནི་ལུ་ཡང་ གཙོ་བོར་བཏོན་དགོ་པའི་འགན་ཁུར་བཅོལ་ཏེ་ཡོད། དེ་མ་ཚད་ མཁོ་གལ་དང་བསྟུན་ རྒྱལ་སྤྱི་གོང་འཕེལ་དང་འབྲེལ་གཏུགས་འབད་དེ་ གལ་གནད་ཆེ་བའི་རྒྱལ་ཡོངས་ཁྲིམས་དོན་དང་འབྲེལ་བའི་གནད་དོན་ཐོག་ལུ་ ཞིབ་འཚོལ་དང་འགྲེལ་བཤད་ཡོངས་རྫོགས་འབད་དགོ་པའི་འགན་དབང་ཡོད།

བརྡ་དོན་འཕྲུལ་རིག་སྡེ་ཕྲན་གྱིས་ ཡིག་ཚང་གི་བརྡ་དོན་འཕྲུལ་རིག་དང་འབྲེལ་བའི་ལཱ་ཚུ་ འབདཝ་ཨིན། གཞུང་གི་མ་དངུལ་རྒྱབ་སྐྱོར་དང་འཁྲིལ་ཏེ་ སྡེ་ཕྲན་འདི་གིས་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་གྱི་རིགས་ དུས་རྒྱུན་རྒྱ་བསྐྱེད་དང་ཡར་དྲག་གཏང་ཐོག་ལས་ ཡིག་ཚང་ལུ་ ཕན་ནུས་ཆེ་བའི་བརྡ་དོན་འཕྲུལ་རིག་ཞབས་ཏོག་ཚུ་ བྱིནམ་མ་ཚད་ ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་ཡང་ རྒྱུན་སྐྱོང་འཐབ་ཨིན། ཡིག་ཚང་གི་ཡོངས་འབྲེལ་འཆར་སྒོ་འདི་གིས་ གལ་མཁོའི་ཁྲིམས་དོན་དཔེ་སྐྲུན་དང་ ཡོངས་འབྲེལ་ཐོག་གི་བརྡ་དོན་ཚུ་ མི་མང་གིས་ འཐོབ་ཚུགསཔ་བཟོ་ནིའི་དམིགས་གཏད་བསྐྱེདཔ་ཨིན། བཅའ་ཁྲིམས་དང་འཁྲིལ་ཏེ་ ཁྲིམས་དོན་ཁྱབ་སྤེལ་གྱི་འགན་དབང་ལུ་དམིགས་ཏེ་ བརྡ་དོན་འཕྲུལ་རིག་སྡེ་ཕྲན་གྱིས་ ཡོངས་འབྲེལ་འཆར་སྒོའི་ནང་ ཁྲིམས་གསརཔ་དང་རྙིངམ་ གཉིས་ཀར་ སྐྱེལ་བཙུགས་འབད་ནི་འགོ་བཙུགས་ཅི།

ཡིག་ཚང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ ཁྲིམས་ཚུའི་བཅོལ་འཇོག་འབད་ས་སྦེ་ བྱ་སྒོ་འཐབ་ཆོག་པའི་འགན་དབང་ཡོད། དེ་འབདཝ་ལས་ ཡིག་ཚང་གིས་ ཁུངས་གཏུགས་ཀི་དེབ་ ཁྲིམས་དེབ་ གཞན་ཡང་ ཁྲིམས་མཐུན་གནད་དོན་རིགས་ཚུ་ མཁོ་སྒྲུབ་འབད་ནི་འགོ་བཙུགས་ཡོདཔ་མ་ཚད་ རྒྱུགས་ཤུགས་ཅན་ གཅིག་སྒྲིལ་དང་འཛོལ་མེད་ཀྱི་ སྦུང་སྡེབ་བརྡ་དོན་མཛོད་འདི་ གོང་འཕེལ་གཏང་ནི་དང་ བདག་དབང་གི་གློག་རིག་གནད་སྡུད་གཞི་རྟེན་ རྒྱུན་སྐྱོང་འཐབ་ནིའི་མིགས་གཏད་བསྐྱེདཔ་ཨིན།

Print Friendly, PDF & Email